Pages

Saturday, June 12, 2010

ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི།

༄༅། །དུང་དཀར་ཚིག་མཛོད་ཆེན་མོ་ལས། སྟོན་པ་ཤཱཀྱ་ཐུབ་པ་དགུང་ལོ་སོ་ལྔ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས་དགུང་ལོ་བརྒྱད་ཅུ་བཞེས་པའི་བར་དམ་པའི་ཆོས་མཐའ་ཡས་ཤིག་གསུངས་པ་ལས་གསུང་གི་ཐ་མ་ནི་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་པོ་དེ་ཡིན། དེ་ཡ྄་བཅོམ་ལྡན་འདས་གྲོང་ཆེན་པོ་རྩ་མཆོག་ཏུ་གཤེགས་ཏེ་དགུང་ལོ་བརྒྱད་ཅུ་སོང་ནས་གྱ་གཅིག་གི་ཐོག་ཏུ་ཕེབས་པ་ལྕགས་ཕོ་འབྲུག་གི་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་སཱ་ལའི་ཚལ་གྱི་དབུས་ཐ་མལ་གཟིམས་ཁྲི་ལ་སེང་གེའི་ཉལ་སྟབས་ཀྱིས་བཞུགས། མགར་བའི་བུ་ཙུན་ད་ཞེས་པས་བསོད་སྙོམས་ཕུལ་བ་བཞེས། ཉན་ཐོས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད། སྲས་སྒྲ་གཅན་འཛིན་དང་ཀུན་དགའ་བོ་གཉིས་དགེ་འདུན་ལ་གཏད། སྐུའི་སྟོད་གཡོགས་བསལ་ནས་དགེ་སློང་རྣམས་ལ་བསྟན། དགེ་སློང་དག་དེ་བཞིན་གཤེགས་པའི་སྐུ་ལ་བལྟ་བ་ནི་རྙེད་པར་དཀའ་སྟེ་མེ་ཏོག་ཨུ་དུམྦཱར་བཞིན་ནོ། བདེན་པ་བཞི་དང་། རྟེན་འབྲེལ་བཅུ་གཉིས་དང་། བསླབ་པ་གསུམ་ལ་ཐེ་ཚོམ་ཡོད་ན་ཞུས་ཤིག ༡་ འདུས་བྱ་ཐམས་ཅད་ནི་མི་རྟག་པ་ཡིན། ༢་ ཟག་བཅས་ཐམས་ཅད་ནི་སྡག་བསྔལ་བའོ། ༣་ ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། ༤་ མྱ་ངན་ལས་འདས་པ་ནི་བཞི་བའོ་ཞེས་གསུངས་ཏེ་རེ་ཞིག་སྐུ་དངོས་ཀྱི་གདུལ་བྱ་རྣམས་རྫོགས་པ་དང་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཆེད་དུ་ཆོས་ཀྱི་དབྱིངས་སུ་སྐུ་མྱ་ངལ་ལས་འདས་སོ། དེ་ལྟར་བསྟན་པ་སྤྱིའི་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་པོ་དེ་ཁས་ལེན་ན་ནང་པ་སངས་རྒྱས་པ་ཡིན་པ་དང་དེ་བཞི་པོ་ཁས་མ་ལེན་ན་ནང་པ་སངས་རྒྱས་པའི་གྲལ་ནས་བུད་འགྲོ་བ་ཡིན་པས་སངས་རྒྱས་ཀྱི་བཀའ་ལས་འགལ་མི་ཆོག་པའི་རྩ་བའི་རྩ་དོན་བཞི་ཟེར་བའི་གོ་དོན་ཡིན།།

No comments:

Post a Comment